[001A] ༄༅། །རྗེ་བཙུན་བྱམས་པ་མགོན་པོ་གླིང་བསྐོར་ལ་སྤྱན་དྲངས་ནས་མཆོད་ཅིང་སྨོན་ལམ་གདབ་པའི་རིམ་པ་བཞུགས་སོ། ། [001B] །ན་མོ་གུ་རུ། འདིར་རྗེ་བཙུན་བྱ་ནས་པ་མགོན་པོ་གླིང་བསྐོར་ལ་སྤྱན་དྲངས་ནས་མཆོད་ཅིང་སྨོན་ལམ་གདབ་པའི་རིམ་པ་ཅུང་ཟད་བརྗོད་པ་ ལ་གསུམ། རྣམ་ཐར་གྱི་ཆ་ཟུར་ཙམ་བཤད་པ་དང། དགོས་པ་བཤད་བ། བསྐོར་ལམ་དུ་སྦྱན་འདྲེན་ཚུལ་དངོས་བཤད་པའོ། །དང་པོ་ལ། རྗེ་བཙུན་བྱམས་མགོན་ གྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་ནི། སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་དུ་སངས་རྒྱས་གསེར་བཟད་འོད་ཅེས་བྱ་བ་འཇིག་རྟན་དུ་བྱོན། དེའི་ཚེ་བྱམས་པ་འདི་འཁོར་ལོས་ བསྒྱུར་རྒྱལ་གསེར་མདོག་ཅེས་བྱ་བར་གྱུར་པས། སངས་རྒྱས་འཁོར་ཤིན་ཏུ་མང་པོ་དང་བཅས་བ་ལ་ལོ་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིའི་བར་དུ་བསྙེན་བཀུར་བྱས་ནས་ སངས་རྒྱས་དེ་ལ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུ་རྩ་དགུ་རི་བའི་གོས་ཕུལ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱམས་པ་འཇུག་པའི་མདོ་ལས་གསུངས་ཤིང། དེ་ནས་ [002A] །བསྐལ་པ་བརྒྱད་ཁྲི་བཞི་སྟོང་ལོན་པའི་རྗེས་སུ་སྟོན་པ་ཤཱཀྱ་ཐུབ་པས་གདོང་སེམས་བསྐྱེད་པར་གསུངས། མདོ་སྡེ་བསྐལ་བཟང་ལས། བྱང་ ཆུབ་སེམས་དཔའ་བྱམས་པ་འཁོར་ལོས་བསྒྱུར་བ་ཡི། །རྒྱལ་པོ་རྣམ་པར་སྣང་བྱེད་ཅེས་བྱར་གྱུར་པ་ན། །བདེ་གཤེགས་མཐུ་ཆེན་གདུགས་ཚོད་དག་ལ་སྤྱན་དྲངས་ནས། ། དང་པོར་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་གསུངས། བྱམས་པས་ཞུས་པའི་མདོ་ལས། བྱམས་པས་ཐུགས་བསྐྱེད་ནས་བསྐལ་བ་བཞི་བཅུ་རྩ་གཉིས་ ལོན་པའི་འོག་ཏུ་བདག་ཅག་གི་སྟོན་པས་ཐུགས་བསྐྱེད་པར་གསུངས་སོ། ༈ །སྦྱོར་ལམ་བཟོད་བ་ཐོབ་པ་ནི། སྔོན་སངས་རྒྱས་དྲི་མེད་སྣང་བ་ཞེས་ བྱ་བ་བྱོན་པའི་དུས་སུ་བྱམས་པ་འདི་རྒྱལ་བོ་ནོར་དཔལ་ཞེས་བྱ་བར་གྱུར་ཅིང། སངས་རྒྱས་དེ་ལ་ཆོས་ཉན་ནས་རབ་ཏུ་བྱུང་སྟེ་ཚངས་པར་སྤྱད་པས་སྦྱོར་ལམ་ [002B] ༈ །ས་ཐོབ་ཚུལ་ནི། སྔོན་སངས་རྒྱས་འོད་ཞི་སྦོས་སྣང་དབལ་ཞེས་བྱ་བ་བྱོན་པའི་དུས་སུ་བྱམས་པ་འདི་འཁོར་ལོས་བསྒྱུར་རྒྱལ་ཨུཏྤལའི་ གདོང་གི་བཙུན་མོ་ལྷ་མཛེས་ཞེས་བྱ་བར་གྱུར་ཅིང། སངས་རྒྱས་དེ་ལ་ཆོས་ཉན་ནས་གསོལ་བ་བཏབ་བས། རིན་པོ་ཆེ་ཏོག་གི་གཟུངས་བཀའ་བསྩལ་མ་ཐག་ཏུ་སྐྱེས་བར་གྱུར་ནས་རབ་ཏུ་བྱུང་སྟེ་ས་དང་བོ་ཐོབ་པར་ཏོག་ གཟུངས་ལས་གསུངས་སོ། ༈ །ས་བརྒྱད་པ་ཐོབ་ཚུལ་ནི། སྔོན་དེ་བཞིན་གཤེགས་པ་ཚོགས་ཀྱི་དབང་ཕྱུག་ཅེས་བྱ་བ་བྱོན་པའི་དུས་སུ་བྱམས་པ་འདི་རྒྱལ་པོ་མེ་ཏོག་མཆོག་གི་སྲས་བསོད་ནམས་བློ་གྲོས་ ཞེས་བྱ་བར་གྱུར་ཅིང། སངས་རྒྱས་དེ་ལ་མཆོད་པ་ཕུལ་ནས་ཆོས་ཉན་པས་མེ་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་ཟླ་བ་སྒྲོན་མེའི་མདོ་ལས་གསུངས་ཤིང། ཡང་སངས་རྒྱས་མངོན་པར་རོལ་པ་མངོན་པར་ཤེས་པ་ཞེས་བྱ་ བ་བྱོན་པའི་དུས་སུ་བྱམས་པ་འདི་བྲམ་ཟེའི་ཁྱེའུ་བཟང་དག་ཅེས་བྱ་བར་གྱུར་ཅིང། སངས་རྒྱས་དེས་གྲོང་ཁྱེར་གྱི་སྒོར་བྱོན་པ་ན་ཁྱེའུ་དེ་དད་པས་སྨོན་ལམ་བཏབ་སྟེ་ས་ལ་ཉལ་སྟབས་སུ་གནས་པ་ལ། སངས་རྒྱས་ ཀྱི་ཞབས་ཀྱིས་དེའི་ལུས་ལ་རེག་པར་མཛད་པ་ན་བཟོད་པ་ཐོབ་པར་བྱམས་ཞུས་ཀྱི་མདོ་ལས་གསུངས་སོ། ་སློབ་པ་དང་མི་སློབ་པའི་གནས་སྐབས་ཐམས་ཅད་དུ་བྱམས་པ་ཞེས་པའི་མཚན་དང་ལྡན་པར་གྱུར་ [003A]༄༅། །པའི་རྒྱུ་མཚན་ནི། བསྐལ་པ་གྲངས་མེད་ཀྱི་སྔ་རོལ་དུ་སངས་རྒྱས་རིན་ཆེན་གདུགས་ཀྱི་བསྟན་པ་ལ་བྱམས་པ་འདི་ཚོང་དཔོན་གྱི་རིགས་ལས་རབ་ཏུ་བྱུང་བའི་དགེ་སློང་བློ་གྲོས་བརྟན་པ་ཞེས་བར་ གྱུར་ཅིང། སྲོག་ཆགས་བརྒྱ་ཚང་བར་བསླབ་གཞི་ལྔ་ལ་མ་བཀོད་ཀྱི་བར་དུ་ཟས་མི་ཟ་བའི་དམ་བཅའ་བྱས་ནས། ཞག་དུ་མའི་བར་དུ་ཟན་ཆད་ཁྱད་སྐྱོ་བ་མེད་པར་དམ་བཅའ་དེས་ལོ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་གཞན་དོན་ མཛད་པས། སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་སུམ་བཅུ་རྩ་དྲུག་བསླབ་པའི་གཞི་ལྔ་ལ་བཀོད། དེ་ནས་ལོ་བཞི་ཁྲི་ཉིས་སྟོང་གི་བར་དུ་སེམས་ཅན་རེ་རྣམས་ལ་ཆོས་བསྟན་པས་སེམས་ཅན་བྱེ་བ་ཕྲག་གསུམ་ཐེག་ཆེན་ ལ་བཙུད། གཞན་མང་པོ་ཐེག་དམན་ལ་བཀོད་ནས། དེ་རྣམས་བྱམས་པ་ལ་འགོད་པར་མཛད། དེའི་ཚེ་དགེ་སློང་དེ་ཉིད་བྱམས་པ་བསྒོམ་བཞིན་དུ་གྲོང་ཁྱེར་སོགས་ཀྱི་སྒོའི་ཐེམ་པ་ལ་ཞབས་རེག་པ་ཙམ་གྱིས་དེ་ན་གནས་ པའི་སེམས་ཅན་རྣམས་བྱམས་པའི་ཏིང་ངེ་འཛིན་ལ་གནས་པར་གྱུར་ཏོ། །དེའི་ཚེ་ལྷ་རྣམས་ཀྱིས་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བསྔགས་པར་བྱས། སངས་རྒྱས་རིན་ཆེན་གདུགས་ཀྱིས་དགེ་སློང་བློ་གྲོས་བརྟན་པ་ འདི་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་བྱམས་པ་ཞེས་པར་འགྱུར་ཞིང། བྱང་ཆུབ་འཐོབ་བའི་ཚེ་ཡང་སངས་རྒྱས་བྱམས་པ་ཞེས་པར་འགྱུར་རོ་ཞེས་ལུང་བསྟན་པར་བྱམས་པ་འཇུག་པའི་མདོ་ལས་གསུངས་སོ། ། [003B] ༈ གླིང་འདིའི་མི་རྣམས་ཀྱི་ཚེ་མར་འགྲིབ་ནས་ཚེ་ལོ་བཅུ་པར་སླེབ་པ་ལས། ཡར་འཕེལ་ཏེ་ཚོ་ལོ་བརྒྱད་ཁྲི་བར་འགྱུར་པ་ན་སངས་རྒྱས་བྱམས་པ་འབྱོན་ནོ༑ །དེ་ ཡང་དེའི་ཚེ་ཕོ་བྲང་ཆེན་པོ་ཏོག་ལྡན་ཞེས་བྱ་བར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དུང་ཞེས་བྱ་བ་འབྱུང། དེའི་བློན་པོ་བྲམ་ཟེ་ཚངས་རབ་དང། བཙུན་མོ་ཚངས་ལྡན་མ་ཞེས་པ་གཉིས་ཀྱི་སྲས་སུ་རྫེ་བཙུན་བྱམས་མགོན་འཁྲུངས་ བར་འགྱུར་ཞིང། ལོ་སྟོང་གི་བར་དུ་སྲས་ཀྱི་ཚུལ་དུ་ཁབ་ཏུ་བཞུགས། དེའི་ཚེ་རྒྱལ་པོ་དུང་གིས་བྲམ་ཟེ་རྣམས་ལ་མཆོད་རྟེན་ཆེན་པོ་ཅིག་ཕུལ་བ་བྲམ་ཟེ་སྟོད་གིས་ཆར་བགོས་ནས་ལེན་པ་གཟིགས་པའི་རྐྱེན་གྱིས་འཁོར་བ་ ལ་ཡིད་སྐྱོ་ནས་རབ་ཏུ་བྱུང་སྟེ། ཀླུ་ཤིང་ཞེས་པའི་བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་མདོ་བསྟན་བཅོས་མང་པོར་གསུངས་ཤིང། མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་བྱམས་པ་སྐྱེ་ བའི་ཡུལ་ནི་རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་ཏོག་གི་བློ་གྲོས་ཞེས་བྱའོ། །རིགས་ནི་བྲམ་ཟེའོ། །འོང་ནི་དཔག་ཚད་གཅིག་གོ་ཡབ་ནི་ཚངས་པ་ཟང་ཞེས་བྱའོ། །ཡུམ་ནི་ཚངས་བདག་མ་ཞེས་བྱའོ། །སྲས་ནི་ བསོད་ནམས་སྟོབས་ཞེས་བྱའོ། །རིམ་གྲོ་པ་ནི་རྒྱ་མཚོ་ཞེས་བྱའོ། །ཤེས་རབ་ཅན་རྣམས་ཀྱི་མཆོག་ནི་ཡེ་ཤེས་འོད་ཅེས་བྱའོ། །རྫུ་འཕྲུལ་ཅན་རྣམས་ཀྱི་མཆོག་ནི་བརྩོན་འགྲུས་བརྟན་ཞེས་བྱའོ། ། [004A]༄༅། །འདུས་བ་དང་པོ་ལ་ནི་ཉན་ཐོས་དགྲ་བཅོམ་པ་དུད་འཕྱུང་ཕྲག་དགུ་དང་བྱེ་བ་དྲུག་གོ་གཉིས་པ་ལན་དུང་འཕྱུང་ཕྲག་དགུ་དང་བྱེ་བ་ཕྲག་བཞིའོ། །གསུམ་པ་ལ་ནི་དུང་འཕྱུང་ཕྲག་དགུ་དང་བྱེ་བ་ཕྲག་ གཉིས་སོ། །སྐུ་ཚེའི་ཚད་ནི་ལོ་བརྒྱད་ཁྲི་བཞི་སྟོང་ངོ། །དམ་པའི་ཆོས་ནི་ལོ་བརྒྱད་ཁྲིའི་བར་དུ་གནས་སོ། །སྐུ་གདུང་ནི་རིལ་པོ་གཅིག་ཏུ་འདུག་གོ་ཞེས་གསུངས་སོ། ་གཞན་ཡང། སྔོན་ བྱུང་བ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡུལ་འཁོར་བསྲུང་གི་སྲས་སྟོང་གི་དང་པོ་རྣམ་དག་བློ་གྲོས་ནི་སངས་རྒྱས་འཁོར་བ་འཇིག་གཉིས་པ་རྣམ་རྒྱལ་སྡེ་ནི་གསེར་ཐུབ། གསུམ་པ་དབང་པོ་ཞི་བ་ནི་འོད་སྲུངས་ བཞི་པ་ངོར་གྲུབ་ནི་བདག་ཅག་གི་སྟོན་པ། ལྔ་པ་སྐ་དགས་ཅན་ནི་སངས་རྒྱས་བྱམས་པར་འགྱུར་བར་དཀོན་བརྩེགས་ལས་གསུངས་ཤིང། འཁོར་ལོས་བསྒྱུར་རྒྱལ་རྩིབས་ཀྱི་མུ་ཁྱུང་ཀྱི་མདུན་ན་འདོན་བྲམ་ཟེ་ རྒྱ་མཚོའི་རྡུལ་གྱི་སྙིང་པོ་ནི་བདག་ཅག་གི་སྟོན་པ་དང། དེའི་སློབ་མ་རིག་བྱེད་ཀློག་པའི་བྲམ་ཟེ་སྟོང་གི་བཞི་པ་དྲི་མ་མེད་པ་ནི་སངས་རྒྱས་བྱམས་པར་ལུང་བསྟན་ཚུལ་སྙིང་རྗེ་པད་དཀར་ལས་གསུངས་སོ།། ། ༈ རྗེ་ལྕང་སྐྱ་རིན་པོ་ཆེས་མཛད་པའི་དུས་ཆེན་གྱི་བཤད་པ་ལས། ཆོ་འཕྲུལ་སྨོན་ལམ་གྱི་སྐབས་སུ་བསྐོར་ལམ་ལ་རྗེ་བཙུན་བྱམས་པའི་སྐུ་བརྙན་སྤྱན་འདྲེན་བྱེད་པ་ནི། འཛམ་ [004B] དེ་ནས་སླར་རིམ་གྱིས་ཡར་འཕེལ་ནས་ཚེ་ལོ་བརྒྱད་ཁྲི་བར་གྱུར་པ་ན་རྒྱལ་བ་བྱམས་པ་མགོན་པོ་འཇིག་རྟེན་དུ་འབྱོན་པར་འགྱུར་བ་ཡིན་ལ་དེའི་ཚེ་འཁོར་ གྱི་ཐོག་མར་སྐྱེ་བའི་རྟེན་འབྲེལ་བསྒྲིགས་པའི་ཆེད་དུ་ད་ལྟ་སྐུ་བརྙན་སྤྱན་འདྲེན་པ་དང་དེ་ལ་ཕྱག་མཆོད་སྨོན་ལམ་འདེབས་པ་སོགས་ཚུལ་བཞིན་དུ་བྱས་ན་དོན་དེ་འགྲུབ་པའི་དགོས་པ་ཡོད་པས་རྗེ་བདག་ཉིད་ཆེན་པོས་ ཆོ་འཕྲུལ་མཆོད་པའི་དུས་སུ་བྱམས་པ་སྤྱན་འདྲེན་སོགས་མཛད་པ་ཡིན། ཞེས་གསུངས་པ་ལྟར་དང། ཡང། བྱམས་པའི་མདོ་ལས། མར་མེ་སྟོང་ཕྲག་གཅིག་གམ་མེ་ཏོག་ཕུལ་བསྟོང་ཕྲག་གཅིག་གམ་ ཨུཏྤལ་སྔོན་པོ་སྟོང་ཕྲག་གཅིག་གིས་མཆོད་པ་བྱེད་པ་དང། མཆོད་རྟེན་དང་དེ་དག་གི་ཏོག་བྱེད་པ་དད་སངས་རྒྱས་ཀྱི་སྐུ་གཟུགས་བྱེད་པ་དག་ནི་བྱམས་པ་སངས་རྒྱས་པའི་ཚེ་དེའི་དྲུང་དུ་སྐྱེ་ཞིང་དང་པོའི་ཆོས་ ཐོབ་པར་འགྱུར་རོ། །ཞེས་དང། དགེ་འདུན་ལ་བསོད་སྙོམས་དང་སྟན་འབུལ་བའི་སྐྱེ་བོས་ཡང་དག་བར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འགྱུར་རོ། །ཐ་ན་མེ་ཏོག་སྙིམ་པ་གང་ཙམ་མམ། མར་ མེ་གཅིག་ཙམ་འབུལ་བའམ། གཞན་བསོད་ནམས་བྱེད་པ་ལ་རྫེས་སུ་ཡི་རང་བ་སྟེ་དགེ་བ་འདི་དག་རྣམས་བྱེད་པའི་ལྷ་དང་མི་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འགྱུར་རོ། །དེ་ [005A]༄༅། །ལ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འདོད་བས་སྦྱིན་པ་གཏོང་བ་དང། ཚུལ་ཁྲིམས་བསྲུང་བ་དང། གསོ་སྦྱོང་གི་ལས་བྱེད་པ་དང། སྒོམ་པར་བྱེད་པ་དང། དགེ་བའི་ ལས་ཀྱིས་བག་ཡོད་པར་གྱུར་ན་ནི་གདོན་མི་ཟ་བར་མཐོང་ངོ། །ཞེས་གསུངས་བ་ལྟར་གྱི་ཕན་ཡོན་རྣམས་འཐབ་ལ། ཡང་པཎ་ཆེན་ནགས་རིན་གྱི་གསུང་ལས། བདེ་བར་གཤེགས་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ ཀྱི་རྟེན་བཞུགས་པའི་དྲི་གཙང་ཁང་དང་གཙུག་ལག་ཁང་དང་གནས་མལ་བཞེངས་པ་ལྟ་ཅི་སྨོས། ཐ་ན་དེ་རྣམས་ཀྱི་སྒོ་ཁྱམས་དང། གཡོས་མལ་བྱེད་པའི་ཁང་ཕྲན་ཙམ་བཞིང་པའི་ཆེད་དུ་གོམ་པ་བདུན་བརྒྱབ་ན་ཡང་ ངན་སོང་དུ་མི་འགྲོ་ཞིང་ལྷ་ལུས་ཐོབ་བོ། །དཀོན་མཆོག་གསུམ་བཞུགས་པའི་གནས་གཞི་བཟོ་བ་དེ་ལ་དམིགས་པའི་བཟའ་བཏུང་སྦྱོར་བའི་དུ་བ་འཕོག་པའི་སེམས་ཅན་དང་ལས་མིའི་རྐང་འོག་སོགས་སུ་སྲོག་ཆགས་ཤི་བ་ རྣམས་ཀྱང་ངན་སོང་གསུམ་གྱི་གནས་སུ་མི་ལྟུང་ཕ་ལ་ཕ་ལ། ཞེས་འབྱུང་བ་ལྟར་བྱམས་མགོན་སྦྱན་དྲངས་ནས་མཆོད་པའི་ཆེད་དུ་འགྲོ་པ་དང། འདོ་ལི་བཏེག་པ་སོགས་ཀྱི་ཕན་ཡོན་ལ་གོ་བར་བྱ། རྒྱལ་པོ་གསལ་ རྒྱལ་ལ་ཚིགས་སུ་བཅད་པའི་མདོ་ལས། བདེ་གཤེགས་མཆོད་རྟེན་དག་ལ་དགའ་བཞིན་དུ། །རྣམ་མང་རྒྱ་ཆེན་གདུགས་ནི་བཏེགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་གདུགས་འདྲ་བར། །ལྷ་དང་མི་ཡི་དབང་པོ་ [005B] །ཞེས་གསུངས་བ་ལྟར་བྱམས་བའི་མདུན་དུ་གདུགས་བཟུང་བའི་ཕན་ཡོན་དང། མི་རྣམས་སུ་དག་སྐུ་གདུང་སྙིང་པོ་ཅན། །དྲི་མེད་བསོད་ནམས་འབྱུང་གནས་གྱུར་པ་ལ། །བ་དན་མཛེས་པ་སྣ་ཚོགས་ འདོགས་པ་དག་མཐུ་དང་ལྡན་ཞིང་སྲིད་གསུམ་མཆོད་གནས་འགྱུར། །བདེ་གཤེགས་མཆོད་རྟེན་དང་ཕན་བཏགས་པ་ཡིས། །མི་དབང་དཔལ་དང་ལྷ་དབང་དཔལ་ཐོབ་ཅིང། །བདེ་པའི་མཆོག་ཀྱང་ཉམས་སུ་ མྱོང་གྱུར་ནས། །རྣམ་པར་གྲོལ་བའི་ཅོད་པན་ཁྱད་བར་ཐོབ། །ཅེས་རྒྱན་བཟུང་བའི་ཕན་ཡོན་དང། རྒྱལ་བའི་མཆོད་རྟེན་དག་ལ་དྲིལ་ཕུལ་བས། །ཚིག་བཙན་གྲགས་པ་ཆེན་པོ་དག་དང་ལྡན། །ཚངས་ པའི་སྒྲ་དབྱངས་ཡིད་འོད་སྐྱེ་བ་དྲན། །དེ་དག་གིས་ནི་རྒྱན་རྣམས་སྣ་ཚོགས་ཐོབ། །ཅེས་དྲིལ་བུ་འཁྲོལ་བ་དང། མཁས་པ་སུ་དག་བདེ་གཤེགས་མཆོད་རྟེན་ལ། །དད་པའི་སེམས་ཀྱིས་ཕྲེང་བ་འདོགས་བྱེད་ པ། །གསེར་ཕྲེང་རིན་ཆེན་མང་པོས་ལེགས་སྤྲས་པ། །བསོད་ནམས་ལས་ལྡན་དེ་ཡི་མགོ་ལ་ཐོགས། །སྟོན་པའི་མཆོད་རྟེན་དག་ལ་རྒྱན་འཕྱད་འདོགས། །དེ་དག་དོ་ཤལ་རྒྱན་ལྡན་ནོར་བུ་དང། །གང་ བུ་དག་དང་དཔུང་རྒྱན་མཆོག་རྣམས་ཀྱིས། །ལུས་བརྒྱན་འཇིག་རྟེན་དག་ན་རྒྱུ་བར་འགྱུར། །ཅེས་ཕྲེང་བ་དང་རྒྱན་དང། མི་རྣམས་གང་དག་ཐུབ་དབང་མཆོད་རྟེན་ལ། །སྤོས་ཆུ་དང་ཞིང་གཙང་བའི་ [006A]༄༅། །ཁྲུས་གསོལ་བ། །དེ་དག་ལུས་ལ་དྲི་མ་མེད་པ་དང། །གདུང་བ་མང་ཅིང་མདོག་འཇམ་མྱ་ངན་མེད། །ཅེས་ཁྲུས་གསོལ་བའི་ཕན་ཡོན་དང། དམ་ཆོས་པར་དཀར་ལས། མཆོད་རྟེན་ དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་བཏུད་པ་དང། །དེ་བཞིན་ལན་ཅིག་ལུས་ཀྱང་བཏུང་པ་དང། །གང་གིས་དུད་བསྲེལ་གནས་པ་དེ་ དག་ལ། །གཡེང་བའི་སེམས་ཀྱིས་ཕྱག་འཚལ་སངས་རྒྱས་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །ཅེས་ཕྱག་འཚལ་བ་དང་ཐལ་མོ་སྦྱར་ བ་སོགས་ཀྱི་ཕན་ཡོན་དང། གཞན་ཡང་མཆོད་ཡོན་ཕུལ་བའི་ཕན་ཡོན་བཅུ་དང་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་སོགས་འཐོབ་པ་དང། ཡུལ་ཕྱོགས་དེར་བཀྲ་ཤིས་བདེ་ལེགས་རྒྱ་ཆེན་པོ་འབྱུང་བ་ སོགས་ཀྱི་དགོས་བ་མང་དུ་ཡོད་དོ།། །།གསུམ་པ་བསྐོར་ལམ་དུ་སྦྱན་འདྲེན་པའི་ཚུལ་ལ་བཀུར་སྟི་ཇི་ལྟར་བྱ་བ་ནི། འདུལ་བ་མདོ་རྩ་ལས། དེ་གྲོང་ཁྱེར་དུ་གཤེགས་པར་བྱའོ། །འདི་ ལ་དགེ་སློང་གིས་ཀྱང་བཀུར་དུ་རུང་ངོ། །དེ་ནི་གསར་བུ་དག་ལ་འབབ་པོ། །སྡེ་པ་ལྔ་པོ་དག་གིས་ཞམ་རིང་བྱའོ། །མཆོད་ཡོན་དུ་བྱས་ནི། རྒན་པོ་ངག་གིས་བཟུང་དོ། །དེ་ལ་རོལ་མོ་བྱེད་པ་ [006B] །ཞེས་དང། དེ་ལ་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེད་དོ། །ཞེས་སོགས་གསུངས་བ་ལྟར་ཡིན་ལ། དུས་ནི། རྗེ་རིན་པོ་ ཆེས་ཆོ་འཕྲུལ་སྨོན་ལམ་གྱི་མཇུག་ཏུ་མཛད་པ་ཡིན་ཞིང། འདུས་སྡེ་ཁ་ཅིག་ཏུ་ཧོར་ཟླ་གཉིས་པ་དང། དྲུག་པའི་སྨོན་ལམ་གྱི་མཇུག་ཏུ་བྱེད་ལ་སོགས་ཡོད་པས་གང་ལྟར་བྱེད་ཀྱང་རུང་ངོ། །རྟེན་ནི་ བྱམས་པའི་སྐུ་བརྙན་ལུགས་མ་དང་བྲིས་ཐང་སོགས་གང་གིས་ཀྱང་རུང་ལ། རྟེན་གཞན་གྱི་རིགས་མཉམ་དུ་སྦྱན་དྲངས་ནས་མཆོད་ཀྱང་མི་དྲུང་བ་མེད་དོ། །སྤྱོད་འཇུག་ལས། བདག་ནི་མགོན་མེད་རྣམས་ ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང། །རྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟིངས་དང་ཟམ་པ་ཉིད་དུ་གྱུར། །གླིང་དོན་གཉེང་ལ་གླིང་དད་ནི། །གནས་མལ་འདོད་ལ་གནས་མལ་དང། ། བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག་ཡིད་བཞིན་ནོར་དང་བུམ་པ་བཟང། །རིག་སྔགས་གྲུབ་དང་སྨན་ཆེན་དང། །དཔག་བསམ་གྱི་ནི་ཤིང་དག་དང། །ལུས་ཅན་རྣམས་ཀྱི་ འདོད་འཇོར་ཤོག་ས་སོགས་འབྱུང་བ་ཆེན་པོ་དང། །ནམ་མཁའ་བཞིན་དུ་རྟག་པར་ཡང། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཆོའི་གཞིར་ཡང་ཤོག་དེ་བཞིན་ནམ་མཁའི་ [007A]༄༅། །མཐས་གཏུགས་པའི། །སེམས་ཅན་ཁམས་རྣམས་རྣམ་ཀུན་དུ། །ཐམས་ཅད་མྱ་ངན་འདས་པར་དུ། །བདག་ན་ཉིད་འཚོའི་རྒྱུད་ཡང་ཤོག་ཅེས་གསུངས་པ་ལྟར་སངས་རྒྱས་ བཅོམ་ལྡན་འདས་རྣམས་ནི་སྨོན་ལམ་ཐམས་ཅད་གྲུབ་པ་དང་ཡོན་ཏན་མཐའ་དག་རྫོགས་པའི་གང་ཟག་ཡིན་པས་དེའི་སྐུ་བརྙན་ལ་མཐོང་ཐོས་དྲན་རེག་ཙམ་བྱས་ཀྱང་ཕན་ཡོན་རྒྱ་ཆེན་པོ་འབྱུང་བར་ངེས་ པས་སྤྱན་འདྲེན་པ་པོ་རྣམས་ཀྱིས་གཞན་གྱི་ལང་མོ་དང་འདུ་འཛིའི་ལྟར་མོ་ལྟར་མི་བྱ་བར་སྙིང་ནས་དད་གུས་བསྐྱེད་པར་བྱའོ། །ང་ནི་ལག་ཏུ་ལེན་ཚུལ་དངོས་བརྗོད་པ་ལ། གྲྭ་པ་འགའ་ཞིག་ འདུ་ཁང་གི་སྒོར་འགྲེང་སྟེ། ཐམས་ཅད་དུ་ནི་ས་གཞི་དག་ཞེས་སོགས་འདོན། གྲྭ་མད་གིས་སྒོ་ཆེན་གྱི་ནང་དུ་སེར་སྦྲེང་བྱེད། མཆོད་གཡོག་པ་སོགས་ཀྱིས་སྤོས་གླིང་བཅས། རྗེ་བཙུན་བྱམས་པའི་སྐུ་བརྙན་འདུ་ཁང་གི་སྐོར་གདན་འདྲེན་ བདག་དང་འགྲོ་བའི་མཇུག་ཏུ་སེར་སྦྲེང་སོགས་ཕྱི་རོལ་དུ་ཐོན། བྱམས་པའི་སྐུ་བཀུར་སྟི་དང་བཅས་ཏེ་གདན་དྲངས་ནས་བསྐོར་བ་བྱེད། ཕྱོགས་བཞིར་ཁྲུས་དང་མཆོད་པ་འབུལ་དགོས་པས། ཅོག་ཙེ་མཐོན་པོར་སྐུ་བརྙན་ཞལ་ཕྱིར་བསྟན་ནས་ བཞུགས་སུ་གསོལ། མདུན་དུ་མཆོད་པ་སོགས་བཤམས། ཆོ་ག་འདོན་པ་པོ་རྣམས་དེའི་མདུན་དང། ཚོགས་པ་མང་མས་གཡས་ཅི་རིགས་པར་གྲལ་ལ་འཁོར། དེའི་རྒྱབ་ཏུ་ཡོན་བདག་རྣམས་སྡོད་པ་སོགས་གང་འོས་ཀྱིས་ [007B] དེ་ནས། སྐུ་ཁྲུས་གསོལ་བར་ཞུ། གང་འདིར་བཅོམ་ལྡན་འདས་ ྾ ཁྲུས་འདི་གསོལ་བར་བགྱིའོ། །ཁྲུས་ཀྱི་ཁང་པ་ ྾ ཇི་ལྟར་བལྟམས་པ་ ྾ སྐུ་ཁྲུས་གསོལ། །ཨོཾ་སརྦ་ ྾ དེ་དག་ སྐུལ་ ྾ རྒྱལ་བའི་སྐུ་གསུང་ཐུགས་ལ་ ྾ ཨོཾ་སརྦ་ ྾ ཁྱེད་སྐུ་རང་བཞིན་ ྾ ཨོཾ་སརྦ་ ྾ དེ་དག་སྐུ་ལ་ ྾ དེ་བཞིན་གཤེགས་དང་ ྾ ཨོཾ་སརྦ་ ྾ འགྲོ་བ་ཉོན་མོངས་ ྾ ཨོཾ་སརྦ་ ྾ དེ་དག་སྐུ་ལ་ འདི་ན་སྦྱིན་པའི་སོགས་གསུམ། དེ་དག་སྐུ་ལ་ ྾ འདི་ནི་བརྩོན་འགྲུས་སོགས་གསུམ། དེ་དག་སྐུ་ལ་ ྾ འདི་ནི་ཁྲུས་མཆོག་ ྾ དེ་དག་སྐུ་ལ་ ྾ སྟོང་གསུམ་ཀུན་དུ་ ྾ བྱུག་པར་བགྱི། །ཨོཾ་བཛྲ་གནྡྷེ་ཨཱ་ཧཱུཾ་ དེ་ནིས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་ཡིད་འོང་བའི། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་འབུལ། །ཨོཾ་བཛྲ་ཝ་ས་སེ་ཨཱ་ཧཱུཾ་ མཆོད་པ་འབུལ་བ་ནི། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་རྫས་ཇི་སྙེད་ཡོད་པ་དང། །བདག་གིས་གུས་པར་བཤམས་པ་འདི། །རྗེ་བཙུན་བྱམས་པ་མགོན་པོ་དང། །རྒྱལ་བ་སྲས་དང་བཅས་ལ་འབུལ། ། ཐུགས་རྗེ་མངའ་བ་ཁྱེད་རྣམས་ཀྱིས། །ཅི་བདེ་པར་ནི་བཞེས་ནས་ཀྱང། །སེམས་ཅན་དོན་ཀུན་མཛད་དུ་གསོལ། །ཨོཾ་ཨཱདྱ་མཻ་ཏྲི་ས་པ་རི་ཝཱ་ར་པཱུ་ཛ་མེ་གྷ་ས་མུ་ཏྲ་སྥ་རཎ་ས་མ་ཡེ་ཧཱུཾ། འདོད་གསོལ་ནི། རྒྱལ་བ་ [008A]༄༅། །བྱམས་པའི་སྐུ་གཟུགས་མཆོག་འདི་ལ། །ཕྱག་མཆོད་མཐོང་ཐོས་དྲན་རེག་སྐྱེ་བོ་ཀུན། །མགོན་ཁྱོད་ཐུགས་རྗེའི་ཕྱག་གིས་ཉེར་བཟུང་ནས། །དགའ་ལྡན་གནས་སུ་དེས་པར་དྲང་དུ་གསོལ་ ཁྱོད་ཞལ་མིག་གི་བདུད་རྩིར་མི་འབྲལ་ཞིང། །ཐེག་མཆོག་གསུང་གིས་རྟག་ཏུ་འཚོ་བ་དང། །རྒྱལ་སྲས་སྤྱོད་པའི་གནས་ཀུན་མཐར་ཕྱིན་ནས། །མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །གནས་སྐབས་སུ་ ཡང་བསམ་པའི་དོན་ཀུན་འགྲུབ། །མཐའ་དག་འགྲོ་འདི་བྱམས་པའི་སེམས་དང་ལྡན། །རྒྱལ་བའི་བསྟན་པ་ཕྱོགས་བཅུད་དར་ཞིང་རྒྱས། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྦྱོད་པར་ཤོག་བསླབ་པ་གསུམ་ལྡན་དུར་ སྨྲིག་འཛིན་པ་ཡི། །འདུས་པའི་ཚོགས་ཀྱིས་གནས་འདིར་ཡོངས་གང་ཞིང། །རྟག་ཏུ་བཤད་སྒྲུབ་བྱ་བས་སྲིད་མཐའི་བར། །ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག་བསླུ་མེད་དཀོན་མཆོག་གསུམ་གྱི་ བདེན་པ་དང། །མི་ཕམ་རྒྱལ་བའི་དབང་པོའི་བྱིན་རླབས་དང། །མཐུ་ལྡན་ཆོས་སྐྱོད་བསྲུང་མའི་འཕྲིན་ལས་ཀྱིས། །རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག་ཚོགས་པ་ཡོན་བདག་བཅས་ལ་ཇ་དང་ཆོས་ སྟོན་གང་འཚམ་བྱེད། གཞི་བདག་གཏོར་མ་རྒྱས་བསྡུས་ཅི་རིགས་གཏོར། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་སྨོན་ལམ་གདབ། ཤིས་བརྗོད་ནི། རྒྱལ་མཚན་རྩེ་མོད་ ྾ རྟག་ཏུ་བྱམས་པ་ [008B] །བདུད་སྡེ་བྱམས་པའི་དཔུང་གིས་འཇོམས་པ་དང། །འགྲོ་ཀུན་བྱམས་པའི་སྟོབས་ཀྱིས་སྐྱོད་མཛད་བའི། །རྒྱལ་བ་བྱམས་པ་མགོན་པོའི་བཀྲ་ཤིས་ཤོག་སྟོན་པ་བླ་མེད་ གནས་འདིར་དཔལ་འབྱོར་ ྾ ཚངས་དང་ལྷ་དབང་ ྾ ལྡན་པར་ཤོག་ཕྱོགས་བཞིར་དེ་ལྟར་བྱ། དེ་ལྟ་བུའི་ཚུལ་གྱིས་བསྐོར་བ་བྱས་པའི་མཇུག་ཏུ། འདུ་ཁང་གི་སྒོར་བཞུགས་སུ་གསོལ་ནས་མདུན་དུ་མཆོད་པ་བཤམས། ཆོ་ག་པ་ དང་རོལ་ཆ་པ་སོགས་གིས་རྡོ་བཅལ་གྱི་སྟེང་འོག་ཅི་རིགས་པར་བསྡད་ནས། སྟོང་གསུམ་ཀུན་དུ་ནས་རླན་གྱིས་བརླན་པར་ཤོག་ཕུན་ཚོགས་གསོར་འོང་ ྾ ཤཱཀྱའི་རྒྱལ་པོའི་ཞེས་པའི་ཆིག། བྱམས་པ་མགོན་པོའི་དབུ་ལ་ ཕུལ་བ་ཡིས། །ཞེས་བསྒྱུར་ནས་དབུ་རྒྱན་ཕུལ། བདག་དང་འགྲོ་ལས་བཞུགས་སུ་གསོལ། རྒྱལ་བ་རྒྱ་མཚོའི་སོགས་ཀྱིས་ཆུ་གཉིས་ཉད་བྱོད་རོལ་མོ། རིན་ཆེན་དབང་གི་སོགས་ཀྱིས་འདོད་ཡོན་ལྔ། ཞིང་འདི་འཁོར་ལོ་སོགས་ཀྱིས་རྒྱལ་བྱ། བྱི་ བདུན། རིན་ཆེན་གདུགས་དང་སོགས་ཀྱིས་བཀྲ་ཤིས་རྟགས་བརྒྱད། དེ་ལས་གཞན་ཡང་སོགས་ཀྱིས་མཆོད་པ་གཞན་ཏེ། གོང་གི་མཆོང་པ་རྣམས་རྒྱས་པ་བྱ། མཎྚལ་རྒྱས་པ་ཕུལ། དེ་ཡང། རྒྱལ་བ་བྱམས་པ་མགོན་པོའི་ ལྷ་ཚོགས་ཞེས་བསྒྱུད། ཁྱད་པར་དུ་དཔག་ཅག་དཔོན་སློབ་ཞེས་སོགས་ཀྱི་འདོད་གསོལ། ས་གཞི་སྤོས་ཀྱིས་ ྾ ཏཱ་ཡ་མི། གྲྭ་མང་འགྲེང་སྟེ། བྱམས་པའི་སྨོན་ལམ་འདོན་བའི་ཚེ་སྦྱིན་བདག་རྣམས་ཕྱག་བྱས་ཏེ་བྱིན་རླབས་ཞུ་ [009A]༄༅། །དེའི་མཇུག་ཏུ། རྗེའི་ལྷ་ཁང་གི་སྒོར་གདན་འདྲེན་བའི་བར་སེར་སྦྲེང་བྱང། གྲྭ་མང་གིས་ཕྱག་བཙལ་ནས་ནང་དུ་བཞུགས་སུ་གསོལ། རྒྱལ་བ་བྱམས་པའི་མ་དད། ཤིས་བརྗོད་སྔར་བཞིན་བྱའོ། ཞེས་པའི་ནི་དཀར་ བོ་དི་ཡི་ལྷ་ཁང་གི་འདུས་སྡེའི་ཕྱག་ལེན་དུ་བྱ་བའི་ཕྱིར་བསྒྲིགས་པ་སྟེ། འདིས་ཀྱང་་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང། འགྲོ་བ་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག། མངྒ་ལཾ།། ། ༄༅། །བླ་མ་ཁྲི་འདོན་དང་དབུ་མཛད་དགེ་བསྐོས་བསྒོ་ཚུལ་རྣམས་བཞུགས་སོ།། །།བླ་མ་སྦྱན་འདྲེན་པ་ལ། ཐོག་མར་བླ་མས་རང་གི་ནང་དུ་བླ་མའི་རྣལ་འབྱོར་དང་དམིགས་བརྩེ་མ་བཏོན་ནས་རྗེ་རིན་པོ་ཆེ་ལ་ གསོལ་བ་ལེགས་པར་གདབ། ཡི་དམ་ཆོས་སྐྱོང་ལའང་གཏོར་འབུལ་འཕྲིན་བཅོལ་བྱས་ན་ལེགས། ་འདུ་ཁང་དུ་དགེ་འདུན་ཚོགས་ནས་སྐྱབས་འགྲོ། དགའ་ལྡན་ལྷ་བརྒྱ་མ། དམིགས་བརྩེ་མ་འདོན་ཞིང་ དེའི་སྐབས་སུ་སྤོས་གླིང་སོགས་ཀྱིས་བླ་མ་སྤྱན་དྲོངས། བླ་མས་ཆོས་གོས་དང་བཅས་འོངས་ནས་རྟེན་ལ་ཕྱག་བྱ། སྙན་དར་རམ་སྤོས་དང་མར་མེ་སོགས་ཕུལ་ནས་བྱིན་རླབས་ཞུས། སློབ་མས་གདན་གྱི་སྟེང་དུ་ གདིང་བ་དང་ཟླ་གམ་བཤམ། བླ་མ་བཞུགས་རྗེས་དམིགས་བརྩེ་མ་གསུམ་ཙམ་བཏོན་ནས། གྲུབ་ན། དཔལ་ལྡན་ས་གསུམ་མའམ། ལམ་རིམ་གསོལ་འདེབས་དང། ཕྱོགས་དུས་ཀུན་གནས་སྐྱབས་ [009B] །ཞེས་སོགས་མཚུངས་མེད་བལྟ་བས་ཀྱི་བར་བཏོན་པའི་མཇུག་ཏུ། དབུ་མཛད་གྲོགས་འགའ་བཅས་ལངས་ཏེ། གྲལ་གྱི་མཐའ་ནས་མཎྚལ་རྒྱས་པ་བླ་མའི་ཞབས་བརྟན་གྱི་ ཚིགས་བཅད་སོགས་བཅས་བཏོན་ནས་མཎྚལ་ཕུལ། ཚོགས་པ་རྣམས་ཀྱིས་ཁ་བཏགས་ཕུལ་ནས་རང་རང་གི་གྲལ་དུ་སྡོང། སྤྱིས་ནས་ཀྱང་གསོལ་སྟོན་མང་འགྱེད་ཕུལ་ནས་རྟེན་འབྲེལ་བཟང་པོ་ སྒྲིགས། དེ་རྗེས། མཚུངས་མེད་བལྟ་བས་མི་དོམས་ཤིང། །ཞེས་སོགས་དང། ཆོས་སྐྱོང་དང་གཞི་བདག་གཏོར་མ་རྣམས་དང། ཤིས་བརྗོད། བསྟན་འབར་མ། ཆོས་ཀྱི་རྒྱལ་པོ་ དམིགས་བརྩེ་མ་འདོན་བཞིན་ཚོགས་གྲོལ་བྱའོ་་དབུ་མཛད་བསྒོ་བ་ལ། ཚོགས་པས་དམིགས་བརྩེ་མ་འདོན་ཞིང། གྲྭ་བ་འགའ་ཞིག་གིས་བཀུར་སྟིས་སྤྱན་དྲངས། དབུ་མཛད་ཆོས་ གོས་ཟླ་གམ་སོགས་གྱོན་ཞིང་འོངས་ནས་རྟེན་ལ་ཕྱག་བྱ། བྱིན་རླབས་ཞུ། བླ་མ་ལ་ཁ་བཏགས་དང། བླ་མས་ཀྱང་ཏེན་བྲེལ་བསྒྲིགས་རྗེས་རང་གི་གདན་ལ་བསྡད་དེ་དམིགས་བརྩེ་མ་ལན་བདུན་གྱི་བར་འདོན་ དེ་ནས་ལངས་ཏེ་གསང་བའི་རྣམ་ཐར་གྱི་གསོལ་འདེབས་དང། ཡང་བསྡང་ནས་ཤེར་སྙིང། ཆོས་ཀྱི་རྒྱལ་པོ། དམིགས་བཙེ་མ་ནམས་བཏོན་ནས་ཚོགས་གྲོལ་ལོ། ་དགེ་བསྐོས་བསྒོ་བཞག་བྱེད་པ་ [010A]༄༅། །ལ་དགེ་བསྐོས་སྤྱན་དྲང་བ་སོགས་དབུ་མཛད་དང་འདྲ་བ་ལ། བླ་མས་ཁ་བཏགས་བྱིན་ཏེ་རྟེན་འབྲེལ་བསྒྲིགས་རྗེས་གྲལ་མཐར་སོང་སྟེ་ཚོགས་ཀྱི་ཕྱོགས་སུ་བལྟས་ཏེ་འགྲེང། མཆོད་གཡོག་ པས་འབྲས་དཀར་བླུགས་པའི་སྡེར་མ་བཟད་པོའི་ཁར་དབྱུག་པ་བཞག་ནས་ཕུལ། དགེ་བསྐོས་ཀྱིས་ཐོག་མར་དབྱུག་པ་བླངས། དེ་རྗེས་འབྲས་དཀར་ནས་གྱེན་དུ་ལན་གསུམ་འཐོར་ཞིང། དེ་ཡང་དང་པོའི་ཚེ་ འདྲེན་པ་མཉམ་མེད་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ། བཀའ་དྲིན་མཚུངས་མེད་བླ་མ་རིན་པོ་ཆེ་ལ་སོགས་པའི་རྩ་རྒྱུད་ཀྱི་བླ་མ་དམ་པ་རྣམས་སྤྱི་བོའི་ གཙུག་ཏུ་མཆོད་མཆོད། ཅེས་པ་དང། གཉིས་པའི་ཚེ། བསླུ་བ་མེད་པའི་སྐྱབས་གནས་མཆོག་གསུམ་སྤྱི་དང། བསོད་ནམས་ཞིང་གི་མཆོག་ཏུ་གྱུར་པ་འདུས་ཚོགས་རིན་པོ་ཆེ་འདི་ཉིད་མཆེད་མཆད་ ཅེས་དང། གསུམ་པའི་ཚེ། བསྟན་པ་རིན་པོ་ཆེ་བསྲུང་ཞིང་སྐྱོད་བའི་ཆོས་སྐྱོང་བསྲུང་མ་དཀར་ཕྱོགས་སྐྱོང་བ་སྤྱི་དང། འདུས་སྡེ་འདི་ཉིད་ཀྱི་འཕྲིན་ལས་ཐམས་ཅད་ཚུལ་བཞིན་སྒྲུབ་པའི་ཆོས་སྐྱོང་ཆེན་པོ་ དམ་ཅན་ཆོས་རྒྱལ་ལ་སོགས་པའི་བསྲུང་མ་རྣམས་མཆོད་མཆོད། ཅེས་བརྗོད་པའམ་དོན་ཡིད་ལ་བསམ་བཞིན་གཏོར་ནས། བླ་མ་མཆོག་གསུམ་རྣམས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། ཆོས་སྐྱོང་ [010B] །ཞེས་གསོལ་བ་ལེགས་པར་གདབ། དེ་ནས་མཆོད་གཡོག་པས་སྤོས་རེང་ཕུལ། ཆབ་འབྲིམ་པས་ སྤྱི་བླུགས་བཟུང་ནས། གདོང་གྲལ་གྱི་ནང་ནས་ཡར་ལ་སོང་ནས་རྒྱབ་གྲལ་གྱི་བར་ནས་མང་འོང་སྟེ་སྤྱི་བླུགས་རང་གནས་སུ་བཞག་དགེ་བསྐོས་ཀྱིས། གདོང་ཐལ་གཡོན་གྱི་གཤམ་ནས་བརྩམས་ཏེ་སྤོས་ བསྐོར་བྱ། ཚོགས་བ་རྣམས་ཀྱིས་སྒྲོལ་མ་ཤེར་སྙིང། སེང་གདོང་མ་བཏོན་རྗེས་ཚོགས་ལ་མང་ཇ་དྲོངས། དགེ་བསྐོས་ཀྱིས་ཕྱག་གསུམ་སྔོན་དུ་བཏང་ནས་མང་ཇའི་གནང་བ་ཞུ། དེ་ཡང་དེད་ཀྱི་ ཚོགས་འདིར་ཇ་ཐུག་སོགས་འབུལ་རྒྱུའི་གསོལ་བཞེས་ལ་རིགས་མི་འདྲ་བ་མང་དུ་ཡོད་པས། བཞེས་ལྷག་གནང་བར་འོས་པ་རྣམས་ལ་གནང་བ་ཐུགས་རྗེས་འཛིན་པར་ཞུ། ཞེས་ཞུ། ཚོགས་པས་ ཀྱང། ཅི་བདེར་ལོངས་སྤྱོར། ཅེས་གནང་བ་སྟེར། ཆོས་སྐྱོང་དང་གཞི་བདག་གི་གཏོར་མ། ཆོས་ཀྱི་རྒྱལ་བོ། དམིགས་བརྩེམ་རྣམས་བཏོན་ནས་ཚོགས་གྲོལ་ལོ། ་མཎྜལ་འབུལ་བའི་ ཚེ། བསྟན་པ་རིན་པོ་ཚེའི་གསལ་བྱེད་དམ་པར་གྱུར་པ། དཔལ་ལྡན་བླ་མ་དམ་པའི་ཞབས་དྲུང་དུ། བསྟན་འགྲོའི་དོན་དུ་ཞབས་པར་བརྟན་པར་བཞུགས་པའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་ [011A]༄༅། །སྙན་གསན་བྱ། ཨོཾ་བཛྲ་བཧུ་མི་ཨཱ་ཧཱུཾ། ྾ ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དཔལ་ལྡན་བླ་མ་དམ་པའི་ཞབས་དྲུང་དུ་འབུལ་བར་བགྱིའོ་ ཐུགས་རྗེས་འགྲོ་བའི་དོན་དུ་བཞས་སུ་གསོལ། །རྗེ་བཙུན་བླ་མའི་སྐུ་ཚེ་རབ་བརྟན་ཅིང། །ཞེས་སོགས་བརྗོད་དེ་མཎྜལ་དང། བརྟན་བཞུགས་ཀྱི་རྟེན་འབྲེལ་བསྒྲིག་ཕྱིར་འབུལ་རྒྱུ་རྣམས་གང་འོས་ཀྱི་ ཞུ་ཚིག་དང་བཅས་ཏེ་ཕུལ། ཚོགས་པ་རྣམས་ཀྱང་རང་རང་གི་སྟན་ལས་ལངས་ཏེ་ཁ་བཏགས་ཕུལ་ནས་གྲལ་ལ་འཁོར། དེ་རྗེས་བླ་མ་ལ་གསོལ་སྟོན་དང། ཚོགས་པ་རྣམས་ལ་མང་ཇ་ཆ་བྲ་ཁ་ བཏགས་ཀྱི་འགྱེད་བཅས་ཕུལ། གཞན་རྣམས་གོང་དུ་བཤད་པ་ལྟར་རོ། ་བྱིན་རླ་བས་ཞུ་བའི་ཚེ། རྗེ་ཙོང་ཁ་པ་ཁྱོད་ཀྱིས་ཐུགས་རྗེས་གཟིགས་ལ། འཕྲན་བུ་བདག་གི་རྒྱུད་ལ་བསྟན་ འགྲོ་སྤྱི་དང་ཁྱད་པར་དུ་དགོན་སྡེ་འདི་ལ་ཕན་འདོད་ཀྱི་བས་མ་པ་བཟང་པོ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །བསམ་པ་བཟང་པོས་གང་བྱེད་ཐམས་ཅད་ལ་འགལ་རྐྱེན་བར་ཆད་མེད་ཅིང་མཐུན་རྐྱེན་ཚད་བ་ དང་ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། །བྱ་བ་གང་བྱེད་ཐམས་ཅད་དགེ་འདུན་མང་པོའི་ཐུགས་ལ་འཐང་པ་དང། བདག་ལ་ཉེས་ལྟུང་དུ་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ། [011B] སྙམ་པའི་བསམ་པ་ཤུགས་དྲག་པོས་པུས་མོ་བཙུགས། ཐལ་ མོ་སྦྱར། སྤྱི་བོས་བཏུད་དེ་བྱིན་རླབས་ཞུ། རྟེན་གཞན་ལ་ཡིན་ཚེ། ཡི་དམ་རྡོ་རྗེ་འཇིགས་བྱེད་ཁྱེད་ཀྱིས། ཞེས་དང། ཆོས་སྐྱོང་བསྲུང་མ་ཁྱེད་རྣམས་ཀྱིས། ཞེས་པ་ལྟ་བུ་རིག་པས་དཔྱད་དེ་ བྱའོ།། །། ༄༅། །རྟེན་རྙིང་ལ་ཚོན་གསང་འབུལ་ཚུལ་བཞུགས།། །།རྗེའི་སྐུ་བརྙན་གྱི་སྦྱན་སོགས་ལ་ཚོན་གསང་འབུལ་བའི་ཚུལ་ནི། སྐྱབས་སེམས། སྐད་ཅིག་ གྲོད་བསྐྱེད། མཆོད་པ་བྱིན་རླབས། མཆོད་བསྟོད་རྣམས་དང། ཆོས་སྐྱོང་དང་གཞི་བདག་གི་གཏོར་མ་རྣམས་རྒྱས་བསྡུས་ཅི་རིགས་ཆོག་གང་ཤེས་ཀྱིས་བྱས་ནས། སྙན་གསན་ཞུ་བ་ནི། རབ་འབྱམས་ རྒྱལ་བའི་མཁྱེན་བརྩེ་ནུས་གསུམ་གྱི། །བདག་ཉིད་རིགས་གསུམ་མགོན་དང་དབྱེར་མེད་བའི། །སྐྱབས་མགོན་བླ་མ་མཆོག་གི་སྐུ་བརྙན་ལ། །བདག་ཅག་སྲི་ཞུ་གུས་པའི་ཚུལ་གྱིས་སུ། །མཛེས་ བྱེད་ཚོན་རྩི་གསར་པ་འབུལ་བལ། །བརྩེ་བས་དགོངས་ཏེ་གནང་བ་སྩོལ་བ་དང། །ཚེ་རབས་ཀུན་དུ་འབྲལ་མེད་རྗེས་འཛིན་ཅིང། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཅེས་སྤོས་དྲིལ་ [012A]༄༅། །དང་བཅས་གསོལ་བ་གདབ། དེ་ནས་ཚོན་ཕུལ་བའི་རྗེས་སུ། སླར་ཡང་མཆོད་བསྟོད། གོང་གི་རབ་འབྱམས་རྒྱལ་བའི་ནས། མཛེས་བྱེད་ཚོན་རྩི་གསང་བ་ཕུལ་བ་ཡིས། ། འདྲེན་མཆོག་བླ་མཁྱོད་དང་མི་འབྲལ་ཞིང། །ཞེས་སོགས་དཔལ་ལྡན་ས་གསུམ་མའི་མཇུག་གི་སྨོན་ལམ་དང། གཞན་ཡང་སྨོན་ལམ་ཤིས་བརྗོད་ཅི་རིགས་བྱའོ། །རྟེན་གཞན་ལ་ཚོན་གསར་འབྲལ་ན་ འདིས་རིགས་འགྲོ་བྱའོ།། །། ༄༅། །བསྟན་འགྲོ་སྤྱིའི་དོན་དུ་བསྔོ་བ་བྱེད་ཚུལ་བཞུགས་སོ།། །།ན་མོ་གུ་རུ། བསྟན་འགྲོ་སྤྱིའི་དོན་དུ་བསྡོ་བ་བྱེད་པ་ལ། ཐོག་མ་ སྙན་གསན་ནི། ཕུན་སུམ་ཚོགས་པའི་དགེ་འདུན་རྣམས་ཀྱིས་བསྔོ་བའི་མཐུན་འགྱུར་དང་དཔང་བོ་ཐུགས་ལ་འདོགས་པར་ཞུ། བསྟན་བ་སྤྱིའི་བསྔོ་བ་ནི། ཕྱོགས་བཅུའི་ཞིང་རབ་འབྱམས་མུ་མེད་པ་ན་བཞུགས་ པའི་བླ་མ་རྒྱལ་བ་སྲས་དང་སློབ་མར་བཅས་པས་བདག་སོགས་མར་གྱུར་ནམ་མཁའི་མཐའ་དད་མཉམ་པའི་སེམས་ཅན་ཐམས་ཅད་ལ་གཟིགས་ཤིང་དགོངས་སུ་གསོལ། །དྲིན་ཅན་རྩ་རྒྱུད་ཀྱི་བླ་མ་རྣམས་ཀྱིས་ གཙོ་མཛད་པའི་སྐྱབས་གནས་དཀོན་མཆོག་གསུམ་གྱི་ཐུགས་རྫེ་བྱིན་རླབས་དང་སྦྱིན་པའི་བདག་པོ་རྣམས་ཀྱིས་ཞི་གསུམ་དང་འབྲེལ་བའི་རྣམ་པར་དཀར་བའི་རྩ་བ་ཇི་སྙེད་ཡོད་པ་ཐམས་ཅད་ཕྱོགས་གཅིག་ཏུ་ [012B] ཀུན་མཁྱེན་བུ་རམ་ཤིང་པའི་བསྟན་པ་སྤྱི་དང་ཁྱད་པར་དུ་ཁམས་གསུམ་འགྲོ་བའི་བླ་མ་རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་བ་འདི་ཉིད་ཕྱོགས་དུས་གནས་ སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོད་སྤེལ་བར་བྱེད་པའི་སྐྱེས་ཆེན་དམ་པ་གོང་མ་དགོངས་བ་ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་པའི་ ཚུལ་བསྟན་པ་ཇི་སྙེད་ཡོད་པ་ཐམས་ཅད་ཀྱི་ཐུགས་ཟག་པ་མེད་པའི་དགོངས་པ་ཁྱད་པར་ཅན་རྣམས་མི་ཉམས་ཤིང་གོང་ནས་གོང་དུ་ཡོངས་སུ་རྫོགས་པར་གྱུར་ཅིག་ད་ལྟ་བསྟན་འགྲོའི་དཔལ་མགོན་དུ་ཞལ་ བཞུགས་པའི་སྐྱེས་ཆེན་དམ་པ་ཇི་སྙེད་ཡོང་པ་ཐམས་ཅད་ཀྱི་སྐུ་ཚེ་ཞབས་པད་སྲིད་མཐའི་བར་དུ་བརྟན་ཞིང་རྣམ་པར་དཀར་བའི་མཛད་པ་དང་འཕྲིན་ལས་བཟང་པོ་རྣམས་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ ཞིང་རྒྱས་པར་གྱུར་ཅིག་ཕྱོགས་བཅུའི་དགེ་འདུན་གྱི་སྡེ་རབ་འབྱམས་ཐམས་ཅད་དང་ཁྱད་པར་དུ་འདུས་སྡེ་འདིར་བཞུགས་པའི་དགེ་འདུན་རྣམས་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་སྒོ་ནས་ལམ་བསླབ་པ་གསུམ་ གྱི་ཉམས་ལེན་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ལ་སོགས་པ་བཤད་སྒྲུབ་ཀྱི་བསྟན་པའི་བྱ་བ་རྣམས་ནམ་ཡང་མི་ཉམས་པར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག་གསོན་བསྔོ་ནི། སྐྱབས་ [013A]༄༅། །གནས་དཀོན་མཆོག་གསུམ་གྱི་ཐུགས་རྗེ་བྱིན་རླབས་དང་རྟེན་འབྲེལ་བསླུབ་མེད་པའི་བདེན་བའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད་སྤྱི་དང་ཁྱད་པར་དུ་དངོས་ཀྱི་སྦྱིན་པའི་བདག་པོ་འདི་རྣམས་ ཀྱི་ཞེས་པའམ། ཡང་ན་དགེ་སློང་མིང་འདི་ཞེས་བྱ་བ་སོགས་རབ་ཏུ་བྱུང་བ་རྣམས་དང། སྦྱིན་བདག་མིང་འདི་ཞེས་བྱ་བ་འདི་རྣམས་ཀྱི་ཞེས་བ་ལྟ་བུ་སྦྱང། ཚེ་དང་བསོད་ནམས་དཔལ་དང་བྱོད་བ་སྙན་གྲགས་མངའ་ཐད་རིགས་རྒྱུད་ཟས་ནོར་ པ་སོགས་པ་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག་གཞན་ཡང་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པ་ནང་རིགས་བཞི་བརྒྱ་རྩ་བཞི་ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ། གདོན་རིགས་སུམ་བརྒྱ་དྲུག་བཅུ་ལ་སོགས་པ་ཕྱི་དང་ནང་གི་འགལ་རྐྱེན་ཉེར་འ་ཚེ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག་ཤི་བསྔོ་ནི། སླར་ཡང་སྐྱབས་གནས་དཀོན་ མཆོག་གསུམ་གྱི་ཐུགས་རྗེ་བྱིན་རླབས་དང་རྟེན་འབྲེལ་བསླུ་བ་འདི་ལ་འབྲེལ་བ་གྲུབ་ཅིང་རེ་ལྟོས་འཆའ་བའི་ཚེ་འདས་རྣམས་སེམས་ཅན་ཇི་སྙེད་ཡོད་པ་ཐམས་ཅད་དང། ཁྱད་པར་དུ་དགེ་རྩ་འདི་ལ་འབྲེལ་བ་ གྲུབ་ཅིང་རེ་ལྟོས་འཆའ་བའི་ཚེ་འདས་རྣམས་ཀྱི་ཞེས་པའམ། ཆེ་འདས་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་བའི་ལས་ངན་བའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ [013B]སངས་མ་རྒྱས་པའི་ཚེ་རབས་ཐམས་ཅད་དུ་ཆོས་ལྡན་གྱི་མི་ལུས་རིན་པོ་ཆེ་ཐོབ་ནས་རབ་ཏུ་བྱུང་ཞིང་དམ་པའི་ཆོས་ལ་ཐོས་བསམས་སྒོམ་ གསུམ་རྣམ་པར་དག་པ་བྱེད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག་ལམ་ཐུན་མོང་བའི་རིམ་པ་ལ་བློ་ལེགས་པར་སྦྱངས་ཏེ་ཐུན་མོང་མ་ཡིན་པ་དོ་རྗེ་ཐེག་པའི་ཆོས་སྒོར་ཞུགས་ནས་དམ་ཚིག་དང་སྡོམ་པ་ཚུལ་ བཞིན་དུ་བསྲུང་ཞིང་ལམ་རིམ་པ་གཉིས་ལ་ལེགས་པར་བསླབས་ཏེ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་སྐུར་མངོན་པར་རྫོགས་བར་འཚང་རྒྱ་བར་གྱུར་ཅིག་ཐུན་མོང་གི་བསྡོ་བ་ནི། འཇིག་རྟེན་གྱི་ཁམས་ རྣམས་སུ་ཆད་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྟག་ཏུ་འཕེལ་ཏེ་སེམས་ཅན་ཐམས་ཅད་བདེ་སྐྱིད་ཕུན་སུམ་ཚོགས་པའི་དཔལ་ལ་སྤྱོད་པའི་སྐལ་པ་དང་ལྡན་པར་གྱུར་ཅིག་ཀླུའི་རྒྱ་ལ་པོ་དགའ་བོ་དང་ ཉེར་དགའ་བོ་ལ་སོགས་པའི་གཞི་བདག་དཀར་ཕྱོགས་བ་རྣམས་ཀྱི་མཐུ་སྟོབས་རྒྱས་ཤིང། ནག་ཕྱོགས་པ་རྣམས་ཀྱི་བསམ་སྦྱོར་དན་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག་བསྟན་བ་དང་བསྟན་ འཛིན་གྱི་སྐྱེས་བུ་ཐམས་ཅད་བསྲུང་ཞིང་སྐྱོང་བར་ཞལ་གྱིས་བཞེས་པའི་ཆོ་ས་སྐྱོང་བསྲུང་མ་ཐམས་ཅད་ཀྱིས་འགལ་རྐྱེན་བར་ཆད་ཐམས་ཅད་སེལ་ཞིང། མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ [014A]༄༅། །སྤེལ་བའི་འཕྲིན་ལས་ཚུལ་བཞིན་དུ་སྒྲུབ་པར་གྱུར་ཅིག་ཡང་ན། ཆོས་སྐྱོད་བསྲུང་མ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ། མགོན་དཀར་ཡིད་བཞིན་ནོར་བུ་ དམ་ཅན་ཆོས་རྒྱལ་ཕྱི་ནང་གསང་གསུམ། དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ། ཆོས་སྐྱོང་ཆེན་པོ་ཞལ་བཞི་པ། ཕྱག་བཞི་པ། གུར་མགོན། རྒྱལ་ཆེན་རྣམ་སྲས། ཆོས་སྐྱོང་ལྕམ་སྲིད་ རྒྱལ་པོ་སྐུ་ལྔ་གཉན་པོ། དམ་ཅན་རྡོ་རྗེ་ལེགས་པ། རྒྱལ་ཆེན་བཀྭན་ཡུན་ཆཱད་ལ་སོགས་བ་མཐུ་སྟོབས་ནུས་པ་འཕྲིན་ལས་ཕུན་སུམ་ཚོགས་པའི་ཆོས་སྐྱོང་བསྲུང་མ་ཐམས་ཅད་ཀྱིས། ཞེས་པ་ལྟ་བུ་ སྦྱད་ནའང་རུང་ངོ། །སྡ་གྱི་གང་བྱས་ཀྱང་མཇུག་ཏུ། མདོར་ན་སེམས་ཐམས་ཅད་མྱུར་དུ་སངས་རྒྱས་ཤིང་ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ་དང་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག་དགེ་བ་འདི་ ཡིས་སྐྱེ་བོ་ཀུན། །ཞེས་སོགས་འདོན་ནོ། །ཅེས་པ་འདི་ནི་དགའ་ལྡན་བསྟན་པ་དར་རྒྱས་གླིང་གི་ཏཱ་བླ་མ་ཞབས་དྲུང་བློ་བཟང་འཇམ་དབྱངས་བསྟན་འཛིན་གྱིས་བསྐུལ་བའི་ཚེ། ་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་བཞིན་དུ་ཚུལ་ཁྲིམས་ ཀྱིས་བྲིས་པ་བསྟན་འགྲོ་ཡོངས་ལ་ཕན་བདེ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།མངྒ་ལཾ།། ༈ །། [014B][BLANK PAGE]